•   08222246444
  •   Gurupura, Tibetan Colony, Hunsur Taluk, Distt. Mysore – 571105, Karnataka State, INDIA

Home

སློབ་གྲྭའི་ལོ་རྒྱུས་སྙིང་བསྡུས། ཧུན་སུར་གཞིས་སློབ་ནི། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ཎ་ཊ་ཀའི་ཧུན་སོར་ནས་ཀི་ལོ་མི་ཊར་༡༣ཙམ་བཅས་ཀྱི་སར་ཆགས་ཡོད། སློབ་གྲྭ་དེ་ནི་ཐོག་མར་ཡུ་རོབ་སྐྱབས་བཅོལ་ལས་གཞི་ཞེས་པའི་ཚོགས་པས་རོགས་རམ་འོག་མའེ་སོར་སྡོད་གནས་ཡར་རྒྱས་ལས་ཁང་གི་གཟིགས་སྐྱོང་འོག་གསར་འཛུགས་གནང་། དེ་ཡང་ཕྱི་ལོ་ ༡༩༧༤ ཟླ་༣ ཚེས་༡༥ ཉིན་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་དངོས་ཆིབས་བསྒྱུར་གྱིས་དབུ་འབྱེད་དང་འབྲེལ་འོད་སྣང་སློབ་གྲྭ་ཞེས་པའི་མཚན་གསོལ་གནང་ནས་འགོ་བཙུགས་ཡོད།ཕྱི་ལོ་ ༡༩༧༦ ཟླ་ ༢ བར་གོང་གསལ་ཚོགས་པས་འཛིན་སྐྱོང་གནང་ཞིང་། ཕྱི་ལོ་ ༡༩༧༦ ཟླ་༣ ཚེས་༡ ནས་དབུས་བོད་སློབ་འཛིན་ཚོགས་ཀྱིས་རྩིས་བཞེས་དང་ཆབས་གཅིག་གུ་རུ་པུ་ར་དབུས་བོད་མིའི་སློབ་གྲྭཞེས་པར་མིང་བསྒྱུར་ཞུས། སྐབས་དེར་འཛིན་རིམ་ལྔ་པ་བར་ཡོད། ཕྱི་ལོ་ ༡༩༨༦ ལོར་འཛིན་རིམ་བཅུ་པ་བར་གནས་སྤར་བྱུང་། འདས་པའི་མི་ལོ་ ༤༠ ལྷག་ཙམ་ནང་དབུས་བོད་སློབ་འཛིན་ཚོགས་ཀྱིས་འགྲོ་གྲོན་ནར་བཏང་ཐོག་དེང་དུས་ཀྱི་སློབ་གྲྭ་ཞིག་ལ་དགོས་ངེས་ཀྱི་གཞི་རྩའི་མཐུན་རྐྱེན་འཛིན་ཁང་དང་། ལས་ཤག་བརྟག་དཔྱད་ཁང་། རྩེད་ཐང་སོགས་གསར་རྒྱག་དང་བཟོ་བཅོས་སོགས་གནང་། དེ་ལྟར་སློབ་གྲྭ་འདི་ལོ་རེ་བཞིན་ཕྱི་ནང་གང་ཐད་ནས་ཡར་རྒྱས་ཀྱི་ལམ་ཕྱོགས་སུ་བསྐྱོད་དེ་ད་ལྟའི་ཆར་སློབ་གྲྭའི་ཁོར་ཡུག་མཛེས་སྡུག་དང་ལྡན་ཞིང་། འཛུགས་སྐྲུན་གཞི་རྒྱ་ཆེན་པོར་གྱུར་ཡོད།ཕྱི་ལོ་ ༢༠༡༨ ཟླ་ ༥ ནང་འཛིན་སྐྱོང་བཀའ་ཤག་རིམ་པའི་དགོངས་གཞི་ལྟར་དབུས་བོད་སློབ་འཛིན་ཚོགས་ནས་གཞི་རིམ་གོང་མའི་སློབ་གྲྭ་ ༨ དཔལ་ལྡན་ཤེས་རིག་ལས་ཁུངས་བརྒྱུད་སཾ་བྷོ་ཊ་བོད་སློབ་ཚོགས་པས་རྩིས་ལེན་ཐུབ་པའི་ཁོངས་སུ་ཡོད། རྩིས་ལེན་ཟིན་མཚམས་དགེ་སློབ་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ནས་སྐབས་མཚམས་ཕྲུག་གྲངས་དང་སློབ་ཚན་ལ་གཞིགས་པའི་དགོས་ངེས་དགེ་ལས་གསར་བསྐོ་གནང་ཞིང་། ས་དམིགས་ལྟར་དགེ་ལས་བསྐོ་གཞག་ཟིན་པ་རྣམས་ཀྱི་གསོལ་ཕོགས་བོད་སློབ་འཛིན་ཚོགས་ནས་མུ་མཐུད་གནང་མུས་དང་། ཁ་སྐོང་དགོས་རིགས་ལ་ཤེས་རིག་ལས་ཁུངས་དང་སཾ་བྷོ་ཊ་ནས་མཐུན་རྐྱེན་སྦྱོར་ཐོག་ཉིན་རེའི་འཛིན་སྐྱོང་ཡོངས་རྫོགས་སཾ་བྷོ་ཊ་བོད་སློབ་ཚོགས་པས་གནང་མུས་ཡིན།དབུས་བོད་སློབ་འཛིན་ཚོགས་དང་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས། དེ་བཞིན་སཾ་བྷོ་ཊ་བོད་སློབ་ཚོགས་པ་བཅས་ནས་དགེ་ལས་ཆེད་ལས་ཡར་རྒྱས་སྤྱི་དང་། ལྷག་པར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས། གཞན་ཡང་ྋགོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་བཟང་སྤྱོད་སློབ་སྤེལ་སོགས་ཀྱི་ཐད་ཟབ་སྦྱོང་དང་སློབ་སྤེལ་གང་མང་ཞུ་བཞིན་ཡོད་པ་བཅས། ཧུན་སུར་སཾ་བྷོ་ཊ་གཞི་གོང་གཏན་སློབ་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།